Monday, March 16, 2020

ཤར་ཕྱོགས་གོས་དཀར་ལ་མོ།


ཤར་ཕྱོགས་གོས་དཀར་ལ་མོའི་ ལ་སྟོད་ན་ ལ་ཞོལ་ན། །
ལ་སྟོད་ལ་ གཡས་ལ་ཁ་བ་ ཆེ་ཙམ་འདུག་ ཆུང་ཙམ་འདུག །
ཁ་བ་ལ་ཆེན་པོ་རྣམས་སུ་ ཁྲི་གདུགས་ཤར་ལ་ ཉི་མ་ཤར་ལ། །
ང་དང་ལ་ཁྲི་གདུགས་ཉི་མ་ ཤར་ནས་ཡོང་ལ་ འཕྲོས་ནས་ཡོང་། །
ཁ་བ་ཆུང་བ་རྣམས་སུ་ ལྷམ་ཆེན་ལྷམ་བཙུགས་ལ་ ལྷམ་ཆུང་བཙུགས། །
ང་དང་ལྷམ་ཆེན་ ལྷམ་ཆུང་ བཙུགས་ནས་ཡོང་ འཁྲིལ་ནས་ཡོང་། །

ཤར་ཕྱོགས་གོས་དཀར་ལ་མོའི་ ལ་སྟོད་ན་ ལ་ཞོལ་ན། །
ལ་སྟོད་ལ་ གཡས་ལ་ཤིང་མོ་ ཆེ་ཙམ་འདུག་ ཆུང་ཙམ་འདུག །
ཤིང་མོ་ཆེ་བ་རྣམས་སུ་ སྟར་ཆེན་རྐྱབ་ལ་ སྟར་ཆུང་རྐྱབ། །
ང་དང་སྟར་ཆེན་ སྟར་ཆུང་རྐྱབ་ནས་ཡོང་ལ་ བསྒྲིགས་ནས་ཡོང་། །
ཤིང་མོ་ཆུང་བ་རྣམས་སུ་ སོ་ལེན་སྦྱབ་ལ་ སོ་ཆུང་སྦྱབ་ལ། །
ང་དང་སོ་ལེན་ སོ་ཆུང་ སྦྱབ་ནས་ཡོང་ལ་བསྒྲིགས་ནས་ཡོངས། །

ཤར་ཕྱོགས་གོས་དཀར་ལ་མོའི་ ལ་སྟོད་ན་ ལ་ཞོལ་ན། །
ལ་སྟོད་ལ་ གཡས་ལ་ཆུ་མོ་ ཆེ་ཙམ་འདུག་ ཆུང་ཙམ་འདུག །
ཆུ་མོ་ལ་ ཆེ་བ་རྣམས་སུ་ གྲུ་ཆེན་བཏང་ལ་ གྲུ་ཆུང་བཏང་། །
ང་དང་ལ་ གྲུ་ཆེན་གྲུ་ཆུང་ བཏང་ནས་ཡོང་ལ་ འཁྲིལ་ནས་ཡོང་། །
ཆུ་མོ་ལ་ཆུང་བ་རྣམས་སུ་ ཟམ་ཆེན་བཙུགས་ལ་ ཟམ་ཆུང་བཙུགས། །
ང་དང་ལ་ ཟམ་ཆེན་ཟམ་ཆུང་ བཙུགས་ནས་ཡོང་ལ་འཁྲིལ་ནས་ཡོང་། །

No comments:

Post a Comment