Friday, November 27, 2020

༄༅། །ཚེ་རིང་ལྕང་མའི་རྩེ་ལ།། Tshering Changmoi Tse La

༄༅། །ཚེ་རིང་ལྕང་མའི་རྩེ་ལ།།

བྱིའུ་ཆུང་ཡིན་ན་དགའ་སོང་།།

བསམ་བློ་གང་ནས་བཏང་ཡང་།།

དམ་པའི་ལྷ་ཆོས་དྲན་སོང་།།

 

ཆུ་ལ་སྐྱོ་རོགས་ཉ་མོ།།

བྲག་ལ་སྐྱོ་རོགས་འུག་པ།།

ལས་ངན་སྤྲང་མོ་རང་ཡ།།

སྐྱོ་རོགས་བྱེད་མཁན་མི་འདུག།

 

ང་རང་གཅིག་ལས་མེད་ན།།

ལྷ་ཆོས་གླིང་དུ་འགྲོ་དགོས།།

འཁོར་བའི་བུ་ཆུང་བཞག་ནས།།

ཆོས་ལ་འགྲོ་ས་མི་འདུག།

 

ང་རང་གཅིག་ལས་མེད་ན།།

པདྨའི་གླིང་དུ་འགྲོ་དགོས།།

ཕ་མ་རྒན་རྒོན་བཞག་ནས།།

ཆོས་ལ་འགྲོ་ས་མི་འདུག།

 

ས་སྟེང་མི་ཡི་ལུང་པར།།

ཉི་མ་ལོ་ལས་རིང་སོང་།།

ཉི་མ་རིང་བ་མ་ཚད།།

ཕ་ཡུལ་ས་ཐག་རིང་སོང་།།

 

སྐྱེ་བ་མི་དང་མཉམ་རུང་།།

བསོད་ནམས་མི་དང་མ་མཉམ།།

སྐྱིད་པའི་ཕ་ཡུལ་བཞག་ནས།། 

འཁྱམ་ས་མི་ཡི་ལུང་པ།། 

 

ཚེ་སྔོན་ཚོགས་བསགས་མེད་པའི།། 

ལས་ངན་ཅན་གྱི་སྤྲང་མོ།། 

ས་འདི་མི་ཡི་ལུང་པར།། 

འཁོར་བར་འཁྱམས་ནས་ལུས་སོང་།།

No comments:

Post a Comment