༄༅།།ནམ་མཁའ་གཡུ་ཡི་ཕོ་བྲང་།།
དཀར་པོ་སྤྲིན་གྱིས་མ་འགྲིབ།།
མགྲོན་པོ་གསེར་གྱི་ཉི་མ།།
གླིང་བཞི་བསྐོར་ནས་ཤར་ཡོང་།།
ལྷ་ཤིང་ཙན་དན་སྡོང་པོ།།
བསེར་བུ་རླུང་གིས་མ་སྐྱོད།།
སྐད་སྙན་ལྷ་བྱ་ཁུ་བྱུག།
ནགས་ཚལ་འགྲིམས་ནས་བབས་འོང་།།
མཛེས་སྡུག་པདྨའི་བཞིན་རས།།
སད་དང་སེར་བས་མ་འཇོམས།།
ཡིད་འོང་གསེར་གྱི་སྦྲང་ཆུང་།།
སྐྱེད་ཚལ་འགྲིམས་ནས་བབས་འོང་།།
བླ་མ་དུས་གསུམ་སངས་རྒྱས།།
སྤྱི་བོའི་གཙུག་ཏུ་བསྒོམས་པས།།
བྱིན་རླབས་ཐུགས་རྗེའི་ཉི་མ།།
ང་ཚོའི་སྙིང་ལ་ཤར་བྱུང་།།
ཡར་ལ་གསོལ་བ་བཏབ་པས།།
མར་ལ་དངོས་གྲུབ་གནང་བྱུང་།།
No comments:
Post a Comment